བཞུགས་ཐངས།
རྒྱལ་ཡོངས་ཚོགས་འདུའི་ཚོགས་ཁང་དེ་ ཚོགས་དཔོན་གྱིས་ཚོགས་རིམ་འགོ་འཁྲིད་འབད་སའི་ བཞུགས་ཁྲི་དང་ མདུན་ཅོག་ དུམ་གྲ་ཅིག་མཐོ་སུ་སྦེ་ འཐུ་སྟེ་ཡོད་མི་དེ་ལུ་གདོང་བསྒོར་ཏེ་ ཨིང་ཡིག་ཡུ་(U)དབྱིབས་ཅན་སྦེ་ཡོདཔ་ཨིན། ཚོགས་དཔོན་གྱི་ བཞུགས་ཁྲི་དེ་ གསེར་ཁྲིའི་འོག་ལུ་ཐད་འཕྲང་སྟེ་ཨིནམ་ད་ ཚོགས་དཔོན་གྱིས་འགོ་འཁྲིད་འབད་དེ་ ཚོགས་བཞུགས་ འཚོགས་པའི་སྐབས་སུ་ གཡས་ཁ་ཐུག་ལུ་ཚོགས་འདུའི་ཡོངས་ཁྱབ་དྲུང་ཆེན་དང་ གཡོན་ཁ་ཐུག་ལུ་ ཚོགས་འདུའི་ མདོ་ཆེན་སྡོདཔ་ཨིན།
ཚོགས་ཁང་ནང་ འཐུས་མི་ཚུ་བཞུགས་ཐངས་ཀྱི་འགོ་རིམ་དེ་ཡང་ རང་སོའི་རྫོང་ཁག་གི་ཀ་རྟགས་འགོ་རིམ་དང་ འཁྲིལ་ཏེ་ ཨིནམ་ད་ གདོང་ཁའི་གྱལ་རིམ་དང་པ་དེ་ བློན་ཆེན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ ལྷན་རྒྱས་ གཞུང་ཚོགས་ཀྱི་ བློན་པོ་ཚུའི་དོན་ལུ་ཨིན།
རྒྱལ་ཡོངས་ཚོགས་འདུའི་ཚོགས་ཁང་དེ་ འཐུས་མི་༡༠༠ ཤོང་བའི་བཟོ་བཀོད་འབད་ཡོདཔ་ད་ སྤྱི་ཚོགས་ལྷན་ བཞུགས་ཚོགས་ རིམ་ཡང་ དེ་ཁར་འཚོགས་གནངམ་ཨིན།