Dark Mode
Saturday, 27 April 2024

Welcome to the National Assembly of Bhutan's website.

བྱུང་རབས།


འབྲུག་གི་རྒྱལ་ཡོངས་ཚོགས་འདུ་འདི་ སྤྱི་ལོ་ ༡༩༥༣ ལུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་གསུམ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྩ་ཚན་༨ ཅན་མའི་ཡིག་ཆ་ འབངས་གཞུང་ལྷ་མི་སྲིད་སྡེ་གཅིག་སྒྲིལ་གི་སྤྱི་མི་ཚོགས་གཏམ་ལུ་ གཞིར་བཞག་སྟེ་ གཞི་བཙུགས་གནང་ཡོདཔ་ཨིན་མས། ཡིག་ཆ་འདི་ སྤུ་ན་བདེ་བ་ཆེན་མོའི་ཕོ་བྲང་ཁ་རྫོང་ རྣམ་རྒྱལ་རྩེ་ཚོགས་ཁང་ནང་ལུ་ ཆ་འཇོག་གྲུབ་ཡོདཔ་ཨིན་མས། རྒྱལ་ཡོངས་ཚོགས་འདུའི་ གཞི་བཙུགས་ཀྱི་ཡིག་ཆ་འདི་ ཤུལ་ལས་ རྒྱལ་ཡོངས་ཚོགས་འདུའི་ ལཱ་འགན་འཛིན་སྐྱོང་གི་ བཅའ་ཡིག་དང་སྒྲིགས་གཞི་ཟེར་ མཚན་གནས་སོར་ཏེ་ཡོདཔ་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་འདི་ འགོ་དང་པ་རང་ འཐུས་མི་༣༦ གིས་ འགོ་བཙུགས་ཡོདཔ་དང་ འཐུས་མི་ཚུ་ཡང་ གཞུང་གྲྭ་ཚང་ནང་ལས་ སྐུ་ཚབ་༥ དང་ གཞུང་གིས་བསྐོ་བཞག་གྲུབ་པའི་ དཔོན་ཁག་༡༦ དེ་ལས་ མི་སེར་སྤྱི་མི་༡༥ ཨིན་མས། ཡིག་ཆ་འདི་འགོ་བཙུགས་གནང་པའི་སྐབས་ ཡིག་ཆ་འདི་གུ་ འཐུས་མི་ག་ར་གིས་ མཚན་རྟགས་བཀོད་གནང་ཡོདཔ་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་ གཞི་བཙུགས་གནང་དགོ་པའི་གནད་དོན་ངོ་མ་གསུམ་ཡོད་མི་དེ་ཡང: ༡༽ མི་སེར་སྐུ་ཚབ་ཚུ་གིས་ ཚོགས་འདུའི་སྐབས་ གྲོས་གཞི་ཕུལ་མི་ཚུ་ མི་སེར་གྱི་མཐའ་དོན་ལུ་གསུང་གྲོས་གནང་སྟེ་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་ཚུ་བཏོན་ཐབས། ༢༽ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཁབ་གོང་འཕེལ་དང་ རྩ་བརྟན་ལུ་ འཆར་གཞི་བརྩམ་ནི་དང་ གནས་སྐབས་ཚུ་བཏོན་ནི། ༣༽ གཞུང་དང་ གོང་འཕེལ་གྱི་ལས་སྣ་ཚུ་གི་དོན་ལུ་ ཟད་འགྲོ་གཏང་ཐོ་དང་ འོང་འབབ་ཀྱི་རྩིས་ཁྲ་ཚུ་ ཐོ་བཀོད་འབད་ནི།

འབྲུག་གི་རྒྱལ་ཡོངས་ཚོགས་འདུ་གི་ ཚོགས་དཔོན་འགོ་དང་པ་ སྤ་རོ་རྫོང་ཚབ་དྲགོས་སྐལ་བཟང་ཟླ་བ་གིས་ མཛད་གནང་ནུག

རྒྱལ་ཡོངས་ཚོགས་འདུ་ གཞི་བཙུགས་མཛད་དེ་ ཚོགས་ཐེངས་དང་པ་དེ་ཡང་ སྤུ་ན་ཁ་རྫོང་ནང་ཚོགས་གནང་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་དེ་ ཐིམ་ཕུག་བཀྲིས་ཆོས་རྫོང་(ཚོགས་ཐེངས་༢ པ་དང་༡༣ པ) དང་ སྤ་རོ་རིན་སྤུངས་རྫོང་(ཚོགས་ཐེངས་༡༤ པ་དང་༢༨ པ) དེ་ལས་ ད་རུང་རང་ ཐིམ་ཕུག་བཀྲིས་ཆོས་རྫོང་(ཚོགས་ཐེངས་༢༩ པ་དང་༧༣ པ) ཚུ་ནང་ལུ་ ཚོགས་གནང་ཡོདཔ་ཨིན་མས། སྤྱི་ལོ་༡༩༩༣ ལས་ཚུར་ ད་ཚུན་གྱི་བར་དུ་ ད་ལྟོ་གི་ རྒྱལ་ཡོངས་ཚོགས་ཁང་ནང་ལུ་ ཚོགས་གནང་དོ་ཡོདཔ་ཨིན།

ད་ལྟོ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་གྲངས་ཚད་དེ་༡༥༠ ལུ་ ཡར་སེང་སོང་ཡོདཔ་དང་ འདི་ནང་ལུ་ མི་སེར་གྱི་སྐུ་ཚབ་སྤྱི་མི་༩༩ དང་ བློ་གྲོས་ཚོགས་སྡེའི་འཐུས་དཔོན་༦ གཞུང་གིས་བསྐོ་བཞག་གྲུབ་པའི་སྐུ་ཚབ་༣༥ དེ་ལས་ གྲྭ་ཚང་ཆོས་དོན་གྱི་སྐུ་ཚབ་༡༠ ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་འདུའི་ དབང་ཚད།

དམངས་གཙོའི་གཞུང་ལུགས་འདི་ འགོ་མ་བཙུགས་པའི་སྔ་གོང་ལུ་ རྒྱལ་ཡོངས་ཚོགས་འདུ་འདི་ ཚོགས་པ་གཅིག་རྐྱང་གཞུང་འཛིན་གྱི་དབང་ཚད་ཡོདཔ་ཨིན་རུང་ ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་ གཞི་བཙུགས་གནང་ཡོདཔ་ཨིན། དེ་བསྒང་ རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོའི་གྲོས་ཆོད་གནང་མི་ འདུས་ཚོགས་མཐོ་ཤོས་ཅིག་ཨིན་མས།

སྤྱི་ལོ་༡༩༥༤ ལོའི་ རྒྱལ་ཡོངས་ཚོགས་འདུའི་རྩ་ཁྲིམས་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ འཕྲི་སྣོན་གྱི་དབང་ཚད་དེ་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལུ་ ཕུལ་ཡོདཔ་ཨིན་མས། ཨིན་རུང་ སྤྱི་ལོ་༡༩༦༨ ལས་ཚུར་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་ཆོད་གནང་མི་འདི་ མཐའ་བཅད་ཨིན་པའི་གྲོས་ཆོད་བཏོན་གནང་ཞིནམ་ལས་ གྲོས་ཆོད་དེ་ མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ འཕྲི་སྣོན་མཛད་ནི་མེདཔ་སྦེ་ བཟོ་གནང་ནུག། གལ་སྲིད་ རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་དེ་ མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ འཕྲི་སྣོན་མཛད་དགོཔ་ཐོན་རུང་ ཚོགས་ཐེངས་དབུ་བཞུགས་མཛད་དེ་ བསྐྱར་ལོག་ཆ་འཇོག་གི་དོན་ལུ་ བཀའ་སློབ་གནང་དགོཔ་ཨིན་མས། མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་འདི་ རང་དབང་རང་བཙན་གྱི་གཙུག་སྡེ་ཅིག་བཟོ་དགོ་པའི་བཀའ་སློབ་གནང་ཡོད་མི་དེ་ལུ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ཡང་ ཆ་འཇོག་གྲུབ་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་འདུ་འདི་ སྒྲིང་སྒྲིང་སྦེ་གཞི་བཙུགས་གནང་ཐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐེངས་༣ ནང་ལུ་ རིམ་ལུགས་དེ་ལུ་ ངོས་ལེན་མེད་པའི་བསམ་འཆར་བཀོད་དེ་རང་འབད་རུང་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ རྒྱལ་བརྒྱུད་ལུ་ ཡིད་ཆེས་མེད་པའི་ཚོགས་རྒྱན་གྱི་རིམ་ལུགས་འདི་ གཞི་བཙུགས་མཛད་གནང་ནུག རིམ་ལུགས་འདི་གི་དམིགས་དོན་དེ་ཡང་ བཀག་དམ་དབང་ཚད་དང་ ཁྲིམས་བཟོའི་དབང་ཚད་ཧྲིལ་བུམ་ རྒྱལ་ཡོངས་ཚོགས་འདུ་ལུ་གནང་ཡོདཔ་ཨིན་མས།

སྤྱི་ལོ་༡༩༩༨ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ བློན་པོ་ལྷན་ཚོགས་བཙག་འཐུ་གི་དབང་ཚད་དེ་ཡང་ རྒྱལ་ཡོངས་ཚོགས་འདུ་ལུ་གནང་ཡོདཔ་དང་ རྒྱལ་ཁབ་འཛིན་སྐྱོང་གི་དབང་ཚད་དེ་ཡང་ བཙག་འཐུ་ལས་གྲུབ་པའི་ བློན་པོའི་ལྷན་ཚོགས་ལུ་གནང་ཡོདཔ་ཨིན་མས། དེ་མ་ཚད་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལུ་ ཡིད་ཆེས་ཚོགས་རྒྱན་ཐོ་བཀོད་ཀྱི་ ཐབས་ལམ་གོང་འཕེལ་གཏང་དགོ་པའི་ འགན་དབང་ཡང་ རྒྱལ་ཡོངས་ཚོགས་འདུ་ལུ་ གནང་ཡོདཔ་ཨིན།

སྤྱི་ལོ་༢༠༠༧ ལུ་ རྒྱལ་བརྒྱུད་རིང་ལུགས་འདི་ རྩ་ཁྲིམས་ཅན་གྱི་དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་གནང་ནི་གི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་འདི་ ལུགས་མཐུན་གྱི་སྒོ་ལས་ སྤྱི་ལོ་༢༠༠༧ ལུ་ ཧྲམ་གཏང་ཡོདཔ་དང་ རྒྱལ་བརྒྱུད་རིང་ལུགས་ཐོག་ རྒྱལ་ཁབ་སྐྱོང་སྟེ་ མི་ལོ་༡༠༠ འཁོར་ཡོདཔ་ཨིན་མས།